What does this say?

Looking for translations, or for help with translations and transliterations? This is the place.
Post Reply
Tenma
Posts: 608
Joined: Mon Mar 13, 2017 4:25 am

What does this say?

Post by Tenma » Sat Sep 02, 2017 2:43 am

Could someone please translate what this says and PM me?
ན་མཿསྭ་རསྟི་ཡེ། འདིར་ལྷ་མོ་དབྱངས་ཅན་མ་རྒྱུན་དུ་བསྙེན་པར་འདོད་པས། སྔ་ཐུན་གྱི་ཆར་ཤ་ཆང་སྒོག་ཙོང་སོགས་མི་གཙང་བ་དང་དྲི་ང་བའི་ཟས་རིགས་རྣམས་སྤངས་ལ། སྐྱབས་སེམས་སྔོན་དུ་བཏང་ནས་སྭ་བྷ་ཝས་སྦྱངས་ཏེ། ཨཱཿ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས།། སྣོད་བཅུད་རྣམ་དག་བདེ་བ་ཆེན་པོའི་ཞིང་།། རང་སྣང་དག་པའི་རྒྱན་གྱུར་རི་དབང་དང་།། ནགས་ཚལ་སྨན་ལྗོངས་ཆུ་ཀླུང་ཉམས་དགའ་བ།། ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པས་བརྟེན།། དབུས་ན་མདངས་ལྡན་བདུད་རྩིའི་རྒྱ་མཚོའི་ནང་།། པཾ་ལས་པདྨ་དཀར་པོ་འདབ་སྟོང་སྟེང་།། ཨ་ལས་ཟླ་གདན་རང་སེམས་ཧྲཱིཾ་དཀར་པོའི།། ས་བོན་ཡོངས་གྱུར་ལྷ་མོ་དབྱངས་ཅན་མ།། བཅུ་དྲུག་ལང་ཚོ་རབ་རྒྱས་སྟོན་ཟླའི་མདོག། ཞལ་གཅིག་ཕྱག་བཞི་ཚད་མེད་མཁྱེན་བརྩེའི་གཏེར།། དང་པོའི་ཕྱག་གཉིས་རལ་གྲི་པུསྟི་དང་།། འོག་མའི་ཕྱག་གཉིས་བཻཌུར་པི་ཝཾ་སྦྲེངས།།མཛེས་འཛུམ་བལྟ་ན་རབ་སྡུག་པདྨའི་སྤྱན།། ནུ་འབུར་རབ་རྒྱས་ཟག་མེད་བདེ་ཆེན་འབར།། དབུ་སྐྲ་ལི་བའི་ཐོར་ཅོག་གཙུག་ཏུ་བཅིངས།། ལྷག་མ་སིལ་བུར་གྲོལ་བས་སྐུ་རྒྱབ་ཁེབས།། མེ་ཏོག་དཀར་པོའི་ཕྲེང་བས་ཐོད་བཅིངས་པའི།། དབུ་ཡི་གཙུག་ན་ཟླ་བ་ཕྱེད་པའི་མཚན།། དར་དཀར་སྟོད་གཡོག་གསེར་གྱི་རིས་བཀྲ་ཞིང་།། ཟ་འོག་སྨད་དཀྲིས་དབང་པོའི་གཞུ་ལྟར་འཚེར།། སྙན་ཆ་གདུ་བུ་མགུལ་རྒྱན་དོ་ཤལ་སོགས།། སྣ་ཚོགས་ནོར་བུ་གཡེར་ཁའི་རྒྱན་བཟང་འཆང་།།

ཟླ་བའི་རྒྱབ་ཡོལ་ལ་བསྟེན་ཙོག་པུར་བཞུགས།། སྙིང་ཁར་པདྨ་དཀར་པོ་འདབ་བརྒྱད་དབུས།། ཐུགས་སྲོག་ཆུ་ཤེལ་མདོག་འཛིན་ཧྲཱིཾཿཡིག་གི།མཐའ་བསྐོར་དབྱངས་ཀྱི་ཕྲེང་བ་གཡས་སུ་འཁོར།། དེ་ལས་འོད་ཟེར་དཀར་པོའི་འཕྲོ་འདུ་དང་།། བུ་གཅིག་མ་ལ་དུང་པའི་དམ་ཚིག་གིས།། རྒྱ་གར་ལྷོ་ཕྱོགས་སྒྲ་དབྱངས་རྒྱ་མཚོའི་འགྲམ།། དྲང་སྲོང་རིག་པ་འཛིན་པའི་དགའ་ཚལ་དུ།། ཚེ་རབས་ཀུན་ཏུ་བསྙེན་པའི་ཡི་དམ་ལྷ།། སྒྲ་དབྱངས་རྒྱ་མཚོའི་དཔལ་མོ་བཞུགས་པ་ཡི།། ཐུགས་རྒྱུད་བསྐུལ་ཏེ་མདུན་གྱི་ནམ་མཁར་བྱོན།། དངོས་གྲུབ་རྩོལ་ཕྱིར་འཛུམ་བཅས་འབྲུ་ཚུགས་གཟིགས།། བྱང་ཆུབ་བར་དུ་མི་འབྲལ་རྗེས་འཛིན་ཅིང་།། མུ་མེད་ཤེས་རབ་སྣང་བའི་གཏེར་དུ་གྱུར།། དེ་བི་སྭ་རསྟི་ས་མ་ཡ་ཛ། ཞེས་སྤྱན་དྲངས་ཤིང་། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་བཞུགས་སུ་གསོལ། མཆོད་པ་ནི། ཨོཾ་པྲི་ཏི་དེ་ཝཱི་དཱི་བྱ་པུཥྤེ་ཧཱུྂ། དེ་བཞིན་དུ། དྷུ་པེ། གནྡྷེ། ནཻ་ཝི་ཏེ། ཨཱ་ལོ་ཀེ པི་ལེ་བ་ཧི་ཧཱུྂ།ཞེས་དང་སྤྲོ་ན་མཆོད་སྤྲིན་རྒྱས་པར་སྤྲོ་བར་བྱའོ།། དེ་ནས་བསྙེན་དམིགས་ནི། རང་གི་ཐུགས་ཀའི་ཧྲཱིཾཿལས་ཧྲཱིཾཿཡིག་བར་མ་ཆད་པ་མུ་ཏིག་གི་ཕྲེང་བ་བརྐྱངས་པ་ལྟར་འཕྲོས་ཏེ་མདུན་བསྐྱེད་ཀྱི་ཐུགས་སྲོག་ལ་ཐིམ་པས་སྔོན་གྱི་དམ་ཚིག་དང་རྗེས་སུ་མཐུན་པའི་ཐུགས་རྒྱུད་བསྐུལ། དེ་ལས་སླར་ཡང་བྱིན་རླབས་དང་ཡེ་ཤེས་ཀྱི་རང་གཟུགས་ཧྲཱིཾཿཡིག་དཀར་པོའི་ཕྲེང་བ་བར་མ་ཆད་དུ་བྱུང་ནས་རང་གི་སྙིང་ཁའི་ཧྲཱིཾ་ལ་ཐིམ་པས་རྨོངས་པའི་མུན་པ་ལྷག་མེད་དུ་བཅོམ། ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར། སླར་ཡང་ཧྲཱིཾ་ཡིག་སྔགས་འཁོར་དང་བཅས་པའི་འོད་ཀྱིས་འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱས། རྒྱལ་བ་སྲས་དང་བཅས་པའི་སྤངས་རྟོགས་མཁྱེན་བརྩེ་ནུས་པའི་ཡོན་ཏན་དང་། ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་ཚེ་དང་བསོད་ནམས་དབང་ཐང་། ཉི་ཟླ་སོགས་བརྟན་གཡོའི་དངོས་པོ་ཀུན་གྱི་དྭངས་བཅུད་རྣམས་བསྡུས་ཏེ་ཐུགས་སྲོག་ལ་ཐིམ་པས་ཚེ་རབས་ཐོགས་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་སྦྱངས། ནད་གདོན་བར་ཆད་སོགས་བཀྲ་མི་ཤིས་པ་ཐམས་ཅད་སངས་ཀྱིས་དག་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་ཅིང་། ཚེ་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་བསམ། སྔགས་འཕྲེང་དལ་བུར་འཁོར་བ་ལ་རིག་པ་གཏད་ཏེ། ཨོཾ་བཛྲ་དེ་ཝཱི་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ཧྲཱིཾ་ཧཱུྂ། ཞེས་འབུམ་གཅིག་དང་ཁྲི་གཅིག་བཟླ་བ་ནི་གྲངས་བསྙེན་དང་། དེ་བཞི་འགྱུར་ནི་དུས་བསྙེན་ནོ།། རྒྱུན་བཟླས་ལ་བཟླས་པ་ཅི་འགྲུབ་བྱ་ཞིང་བསྡུ་ན་ཧྲཱིཾཿཞེས་ཡི་གེ་འབྲུ་གཅིག་པ་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་དུ་བཟླ་བ་གྲངས་བསྙེན་དང་། དེ་བཞི་འགྱུར་ནི་དུས་བསྙེན་ནོ།། ཐུན་མཐར་བྲམ་ཟེ་ཕུར་བུ་དང་། ནག་མོའི་ཁོལ། ཀློང་ཆེན་རབས་འབྱམས་པ་དང་རྗེ་ཙོང་ཁ་པ་སོགས་ཀྱི་མཛད་པའི་བསྟོད་སྤྲིན་རྒྱ་མཚོ་རྣམས་རོལ་མོའི་དབྱངས་དང་བཅས་རྒྱས་པར་སྤྲོ་ཞིང་། མཐར་ཐུན་བསྡུ་བ་ནི། བདག་ཐུགས་འོད་ཀྱིས་སྣོད་བཅུད་རང་ལ་བསྡུ།། རང་ལུས་སྔགས་འཁོར་ལ་ཐིམ་སྔགས་འཁོར་ཡང་།། ཧྲཱིཿལ་ཐིམ་ཞིང་ཧྲཱིཿཡིག་སྟོང་པའི་ངང་།། འོད་གསལ་རྫོགས་པ་ཆེན་པོའི་ཀློང་དུ་བཞག། ཅེས་དམིགས་མེད་ཀྱི་བལྟ་བ་ཅི་ནུས་སུ་སྐྱོང་ཞིང་། སླར་ཡང་རྗེས་ཐོབ་སྒྱུ་མའི་ལྷ་སྐུར་སྡང་བ་ནི།། སླར་ཡང་རང་ཉིད་ལྷ་མོ་དབྱངས་ཅན་མ།། ཞལ་གཅིག་ཕྱག་བཞི་ལོངས་སྐུའི་རྒྱན་ཆས་རྫོགས།། སྣང་ལ་རང་བཞིན་མེད་པ་སྒྱུ་མའི་སྐུ།། གནས་གསུམ་ཨོཾ་ཨཱཿཧཱུྂ་གིས་མཚན་པར་གྱུར།། ཞེས་དང་། རྗེས་ཀྱི་བསྔོ་སྨོན་སོགས་ཆོ་ག་ཕྱི་འགྲོས་ལྟར་བྱའོ།། དེ་ཡང་དཀོན་མཆོག་ཏཱ་ལའི་མདོ་དང་། ཟ་མ་ཏོག་བཀོད་པའི་མདོ་དང་། གསེར་འོད་དམ་པ་མདོ་སྡེ་དབང་པོའི་རྒྱལ་པོ་སོགས་ལས་མ་འོངས་པའི་དུས་སུ་མཁས་པ་ཆོས་སྨྲ་བ་རྣམས་ཀྱི་ཤེས་རབ་དང་ངག་གི་འབྱུང་གནས་སུ་ལུང་བསྟན་པའི་དཔལ་མོ་ཐུགས་རྗེའི་གཏེར་མཛོད་འདི་ལ། སྒྲུབ་ཐབས་ཀྱི་དབང་དུ་བྱས་ན་བརྒྱུད་པའི་བཀའ་བབས་ཀྱི་ཁྱད་པར་ལ་བརྟེན་ནས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལས་བརྒྱུད་པ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་དང༌། པཎྜི་ཏ་ཟླ་བ་མངོན་དགའ་ལས་བརྒྱུད་པ་དམར་མོ་ཕྱག་གཉིས་མ། གཤིན་རྗེ་དགྲ་ནག་ལས་གསུངས་པ་དམར་མོ་ཞལ་གསུམ་ཕྱག་དྲུག་མ། དམ་པ་སངས་རྒྱས་ལས་བརྒྱུད་པ་སྔོན་མོ་ཕྱག་གཉིས་མ། ཇོ་ནང་ཀུན་མཁྱེན་གྱི་དཀར་མོ་ཞལ་གསུམ་ཕྱག་བཞི་མ། ཡོངས་སུ་གྲགས་པའི་རྒྱ་གར་ཕྱི་རོལ་པའི་ལུགས་དཀར་མོ་ཞལ་གཅིག་ཕྱག་བཞི་མ་སོགས་གདུལ་བྱ་དང་འདུལ་བྱེད་ཀྱི་དབང་གིས་སྐུ་མདོག་ཕྱག་མཚན་དང་། ཞལ་ཕྱག་གཙོ་འཁོར་གྱི་རྣམ་པ་མི་འདྲ་བ་དུ་མ་བྱུང་བ་ལས། འདིར་ཡོངས་སུ་གྲགས་པའི་རྒྱ་གར་ཕྱི་རོལ་པའི་ལུགས་དཀར་མོ་ཞལ་གཅིག་ཕྱག་བཞི་མ་དང་། ཀུན་མཁྱེན་སྒྲོལ་བའི་མགོན་པོའི་ལུགས། བྲམ་ཟེ་ཕུར་བུའི་ལུགས་ཀྱི་མན་ངག་བཞིན་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་མཛད་པའི་དབྱངས་ཅན་མའི་སྒྲུབ་ཐབས་ཀུན་མཁྱེན་ལམ་སྲོལ་སོགས་ཟབ་མོའི་མན་ངག་དུ་མས་གཞི་བཟུང་སྟེ། སློབ་དཔོན་རྒྱ་མཚོའི་སྤྲིན་གྱིས་ལང་ཚོ་ཞེས་བྱ་བ་ཚེ་རབས་ཕྲེང་བར་ལྷ་མོ་དབྱངས་ཅན་མའི་བྱིན་རླབས་ཀྱི་འོད་རྣོན་སྙིང་ལ་ཞུགས་པ་དེས། ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་འབར་བར་ཡིད་ལ་གང་ཤར་ཡིག་ངོར་ཕབ་པ་དགེ་ལེགས་སུ་གྱུར་ཅིག། སརྦ་མངྒ་ལཾ། །ཕྱི་ལོ་༢༠༡༢ ༡ ༢༤ ལ། །
འ༔ ཨ༔ ཧ༔ ཤ༔ ས༔ མ༔

Post Reply

Return to “Language”

Who is online

Users browsing this forum: No registered users and 4 guests